དྭགས་པོ་ཐར་རྒྱན།/6
༈དེ་ལྟར་བཤད་པའི་སྡུག་བསྔལ་དེ་དག་རྒྱུ་ཅི་ལས་བྱུང་སྙམ་ན། ཟག་བཅས་ཀྱི་ལས་ལས་བྱུང་བར་ཤེས་པར་བྱའོ། །དེ་ལྟར་ཡང་མདོ་སྡེ་ལས་བརྒྱ་པ་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་ལས། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །ཞེས་གསུངས་སོ། །སྙིང་རྗེ་པདྨ་དཀར་པོ་ལས། འཇིག་རྟེན་ནི་ལས་ཀྱིས་བྱས་པ། ལས་ཀྱིས་སྤྲུལ་པའོ། །སེམས་ཅན་རྣམས་ནི་ལས་ཀྱིས་བྱས་པ། ལས་ཀྱི་རྒྱུ་ལས་བྱུང་བ། ལས་ཀྱིས་རབ་ཏུ་ཕྱེ་བའོ། །ཞེས་གསུངས་སོ། །ཆོས་མངོན་པ་མཛོད་ལས་ཀྱང་། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཞེས་གསུངས་སོ། །
ལས་དེ་ཡང་ཅི་ཞིག་ཡིན་ཞེ་ན། སེམས་པའི་ལས་དང་། བསམ་པའི་ལས་གཉིས་ཡིན་ནོ། །དེ་ལྟར་ཡང་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། ལས་གང་ཞེ་ན། སེམས་པའི་ལས་དང་། བསམ་པའི་ལས་ཏེ། ཞེས་གསུངས་སོ། །མངོན་པ་མཛོད་ལས་ཀྱང་། ལས་ནི་སེམས་པ་དང་དེས་བྱས། ཞེས་གསུངས་སོ། །རྩ་ཤེས་ལས་ཀྱང་། དྲང་སྲོང་མཆོག་གིས་ལས་རྣམས་ནི། སེམས་པ་དང་ནི་བསམ་པར་གསུངས། །ཞེས་གསུངས། དེ་གཉིས་རང་ཇི་ལྟ་བུ་ཡིན་ཞེ་ན། སེམས་པའི་ལས་ནི་ཡིད་ཀྱི་ལས་ཡིན་ནོ། །སེམས་པས་བསྐྱེད་པ་གང་ཡིན་པ་དེ་ནི་བསམ་པའི་ལས་ཡིན་ཏེ། ལུས་དང་ངག་གི་ལས་སུ་རིག་པར་བྱའོ། །དེ་ལྟར་ཡང་མངོན་པ་མཛོད་ལས། སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་ངག་གིས་ལས། །ཞེས་གསུངས་སོ། །
དེ་ལྟ་བུའི་ལས་དང་། དེས་བསྐྱེད་པའི་འབྲས་བུ་འཆད་པ་ལ།
སྡོམ་ནི།
དབྱེ་བ་དང་ནི་མཚན་ཉིད་དང་། །
བདག་གིར་བྱ་དང་བགོ་སྐལ་སྤྱོད། །
ཆུང་ལས་ཆེར་སྨིན་ཆུད་མི་ཟ། །
དྲུག་པོ་དེས་ནི་ལས་འབྲས་བསྡུས། །
ཞེས་པའོ། །དེ་ལ་དང་པོ་ལས་འབྲས་ཀྱི་དབྱེ་བ་ནི་གསུམ་དུ་ཤེས་པར་བྱ་སྟེ། བསོད་ནམས་མ་ཡིན་པའི་ལས་རྒྱུ་འབྲས་དང་། བསོད་ནམས་ཀྱི་ལས་རྒྱུ་འབྲས་དང་། མི་གཡོ་བའི་ལས་རྒྱུ་འབྲས་སོ། །
གཉིས་པ་དབྱེ་བ་སོ་སོའི་མཚན་ཉིད་འཆད་པ་ལ། །དང་པོ་བསོད་ནམས་མ་ཡིན་པའི་ལས་རྒྱུ་འབྲས་ནི། སྤྱིར་མང་ན་ཡང་ལས་ཀྱི་ལམ་གྱིས་བསྡུས་པ་་ནི་མི་དགེ་བ་བཅུ་སྟེ། ལུས་ཀྱི་སྒོ་ནས་སྲོག་གཅོད་པ་ལ་སོགས་པ་གསུམ། །ངག་གི་སྒོ་ནས་རྫུན་ལ་སོགས་པ་བཞི་དང་། །ཡིད་ཀྱི་སྒོ་ནས་བརྣབ་སེམས་ལ་སོགས་པ་གསུམ་མོ། །
དེ་ལྟར་རེ་རེ་ལ་ཡང་དོན་གསུམ་གསུམ་སྟེ། དབྱེ་བ་དང་། འབྲས་བུ་དང་། ཁྱད་པར་རོ། །
དེ་ལ་དང་པོ་སྲོག་གཅོད་པ་ལ་དབྱེ་ན་གསུམ་སྟེ། འདོད་ཆགས་ཀྱི་སྒོ་ནས་སྲོག་གཅོད་པ་དང་། ཞེ་སྡང་གི་སྒོ་ནས་སྲོག་གཅོད་པ་དང་། གཏི་མུག་གི་སྒོ་ནས་སྲོག་གཅོད་པའོ། །དེ་ལ་དང་པོ་ནི། ཤ་དང་། པགས་པ་ལ་སོགས་པའི་ཕྱིར་རམ་རྩེད་མོའི་ཕྱིར་རམ། ནོར་གྱི་ཕྱིར་རམ། བདག་གམ། འཛའ་བོ་ཡོངས་སུ་བསྐྱང་བའི་ཕྱིར་སྲོག་གཅོད་པའོ། །གཉིས་པ་ནི། འཁོན་ཞུགས་པ་དང་། འགྲན་ཟླར་གྱུར་པ་ལྟ་བུ་ལ་ཞེ་སྡང་སྐྱེས་ནས་སྲོག་གཅོད་པའོ། །གསུམ་པ་ནི། མཆོད་སྦྱིན་ལ་སོགས་པའོ། །དེའི་འབྲས་བུ་ལ་ཡང་གསུམ་སྟེ། རྣམ་པར་སྨིན་པའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། དབང་གི་འབྲས་བུའོ། །དེ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི། སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་པའི་འབྲས་བུ་ནི་གལ་ཏེ་མིར་སྐྱེས་ན་ཡང་ཚེ་ཐུང་ཞིང་ནད་མང་བར་འགྱུར་རོ། །དབང་གི་འབྲས་བུ་ནི། ཡུལ་བཀྲ་མི་ཤིས་ཤིང་གཟི་བརྗིད་ཆུང་བའི་སར་སྐྱེ་བར་འགྱུར་རོ། །ཁྱད་པར་ནི། སྲོག་གཅོད་པའི་ནང་ནས་ཕ་ཡང་ཡིན་ལ། དགྲ་བཅོམ་པ་ཡང་ཡིན་པ་དེའི་སྲོག་གཅོད་པ་སྡིག་ཆེ་བའོ། །
མ་བྱིན་པར་ལེན་པ་ལ་དབྱེ་ན་གསུམ་སྟེ། མཐུས་མ་བྱིན་པར་ལེན་པ་དང་། འཇབ་བུས་མ་བྱིན་པར་ལེན་པ་དང་། གཡོ་སྒྱུས་མ་བྱིན་པར་ལེན་པའོ། །དེ་ལ་དང་པོ་ནི། བསྙད་མེད་པར་བཙན་འཕྲོག་བྱེད་པའོ། །གཉིས་པ་ནི། ཁང་པ་འབིགས་པ་ལ་སོགས་པས་མ་ཚོར་བར་བརྐུ་བའོ། །གསུམ་པ་ནི། བྲེ་སྲང་ལ་སོགས་པ་ལ་ཟོལ་ཟོག་བྱེད་པའོ། །དེའི་འབྲས་བུ་ལ་གསུམ་ལས། རྣམ་པར་སྨིན་པའི་འབྲས་བུ་ནི། ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་པའི་འབྲས་བུ་ནི། གལ་ཏེ་མིར་སྐྱེས་ན་ཡང་ལོངས་སྤྱོད་ཀྱིས་ཕོངས་པར་འགྱུར་རོ། །དབང་གི་འབྲས་བུ་ནི། ཡུལ་སད་སེར་མང་བའི་སར་སྐྱེ་བར་འགྱུར་རོ། །ཁྱད་པར་ནི། མ་བྱིན་པར་ལེན་པའི་ནང་ནས་བླ་མ་དང་དཀོན་མཆོག་གི་ནོར་ལ་མ་བྱིན་པར་ལེན་པ་སྡིག་པ་ཆེ་བའོ། །
འདོད་པས་ལོག་པར་གཡེམ་པ་ལ་དབྱེ་ན་གསུམ་སྟེ། རིགས་ཀྱིས་བསྲུང་བ་དང་། བདག་པོས་བསྲུང་བ་དང་། ཆོས་ཀྱིས་བསྲུང་བའོ། །དེ་ལ་དང་པོ་ནི། །མ་དང་སྲིང་མོ་ལ་སོགས་པ་ལ་ལོག་པར་སྤྱད་པའོ། །གཉིས་པ་ནི། ཁྱོའམ་རྒྱལ་པོ་ལ་སོགས་པས་བདག་ཏུ་བྱས་པའི་བུད་མེད་ལ་ལོག་པར་སྤྱད་པའོ། །གསུམ་པ་ལ་ལྔ་སྟེ། རང་གི་ཆུང་མ་ཡིན་ཡང་། ཡན་ལག་མ་ཡིན་པ་དང་། ཡུལ་མ་ཡིན་པ་དང་། དུས་མ་ཡིན་པ་དང་། ཚོད་མ་ཡིན་པ་དང་། རིགས་པ་མ་ཡིན་པར་སྤྱད་པའོ། །དེ་ལ་དང་པོ་ཡན་ལག་མ་ཡིན་པ་ནི། ཁ་དང་བཤང་ལམ་དུ་སྤྱད་པའོ། །ཡུལ་མ་ཡིན་པ་ནི། བླ་མའི་ཉེ་འཁོར་རམ། གཙུག་ལག་ཁང་ངམ། མཆོད་རྟེན་གྱི་དྲུང་ངམ། མང་པོ་འདུས་པའི་སར་སྤྱད་པའོ། །དུས་མ་ཡིན་པ་ནི། གསོ་སྦྱོང་ལ་གནས་པའི་དུས་སམ། སྦྲུམ་མའམ། ནུ་ཞོ་འཐུང་བའམ། སྣང་བ་ཡོད་པའི་དུས་སུ་སྤྱད་པའོ། །ཚོད་མ་ཡིན་པ་ནི། གྲངས་ལྔ་ལས་ལྷག་པར་སྤྱད་པའོ། །རིགས་པ་མ་ཡིན་པ་ནི། བརྡེག་ཅིང་སྤྱོད་པའོ། །ཡང་ན་ཕོའམ། མ་ནིང་གི་ཁ་འམ་བཤང་ལམ་དུ་སྤྱད་པའོ། །དེའི་འབྲས་བུ་ནི་གསུམ་ལས། རྣམ་པར་སྨིན་པའི་འབྲས་བུ་ནི། ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་པའི་འབྲས་བུ་ནི། གལ་ཏེ་མིར་སྐྱེས་ན་ཡང་དགྲ་སྡང་བ་ཅན་གྱི་ཆུང་མར་འགྱུར་རོ། །དབང་གི་འབྲས་བུ་ནི། ཡུལ་ས་རྔུལ་ཤས་ཆེ་ སར་སྐྱེ་བར་འགྱུར་རོ། །ཁྱད་པར་ནི། འདོད་ལོག་གི་ནང་ནས་མ་ཡང་ཡིན་ལ། །དགྲ་བཅོམ་པ་ཡང་ཡིན་པ་དེ་ལ་ལོག་པར་སྤྱད་པ་སྡིག་ཆེའོ། །
རྫུན་དུ་སྨྲ་བ་ལ་དབྱེ་ན་གསུམ་སྟེ། ཕམ་པའི་རྫུན་དང་། རྫུན་ཆེན་པོ་དང་། རྫུན་ཕྲ་མོའོ། །དེ་ལ་དང་པོ་ནི། མི་ཆོས་བླ་མའི་རྫུན་སྨྲ་བའོ། །གཉིས་པ་ནི། བདག་དང་གཞན་ལ་ཕན་གནོད་ཡོད་པའི་རྫུན་སྨྲ་བའོ། །གསུམ་པ་ནི། ཕན་གནོད་མེད་པའི་རྫུན་སྨྲ་བའོ། །དེའི་འབྲས་བུ་ལ་གསུམ་ལས། རྣམ་པར་སྨིན་པའི་འབྲས་བུ་ནི། དུད་འགྲོར་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་གྱི་འབྲས་བུ་ནི། གལ་ཏེ་མིར་སྐྱེས་ན་ཡང་སྐུར་བ་འདེབས་པ་མང་བར་འགྱུར་རོ། །དབང་གི་འབྲས་བུ་ནི། ཁ་དྲི་མི་ཞིམ་པར་སྐྱེ་བར་འགྱུར་རོ། །ཁྱད་པར་ནི། རྫུན་གྱི་ནང་ནས་དེ་བཞིན་གཤེགས་པ་ལ་སྐུར་བ་བཏབ། བླ་མ་ལ་ཡང་རྫུན་ཚིག་སྨྲས་ན་ཉེས་པ་རྣམས་ཀྱི་ནང་ནས་དེ་ཆེའོ། །
ཕྲ་མ་ལ་དབྱེ་ན་གསུམ་སྟེ། བཙན་ཕྲ་དང་། གཞོགས་ཕྲ་དང་། ལྐོག་ཕྲའོ། །དེ་ལ་དང་པོ་ནི། མཛའ་བོ་གཉིས་ངོ་རང་དུ་ཕྲལ་བའོ། །གཉིས་པ་ནི། གཞོགས་སློང་བྱས་ནས་མཛའ་བོ་དང་ཕྲལ་བའོ། །གསུམ་པ་ནི། ལྐོག་ཏུ་དབྱེན་བྱས་ཏེ་ཕྲལ་བའོ། །དེའི་འབྲས་བུ་ལ་གསུམ་ལས། རྣམ་པར་སྨིན་པའི་འབྲས་བུ་ནི། དམྱལ་བར་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་གྱི་འབྲས་བུ་ནི། གལ་ཏེ་མིར་སྐྱེས་ན་ཡང་མཛའ་བོ་དང་འབྲལ་བར་འགྱུར་རོ། །དབང་གི་འབྲས་བུ་ནི། ཡུལ་མཐོ་དམའ་ཅན་གྱི་སར་སྐྱེ་བར་འགྱུར་རོ། །ཁྱད་པར་ནི། ཕྲ་མའི་ནང་ནས་འཕགས་པའི་དགེ་འདུན་ལ་མི་སྙན་པ་བརྗོད་པ་སྡིག་ཆེའོ། །
ཚིག་རྩུབ་ལ་དབྱེ་ན་གསུམ་སྟེ། ངོར་རྩུབ་པ་དང་། གཞོགས་ཏེ་རྩུབ་པ་དང་། བརྒྱུད་དེ་རྩུབ་པའོ། །དེ་ལ་དང་པོ་ནི། ཕ་རོལ་པོ་ལ་དངོས་སུ་ངན་མཚང་སྣ་ཚོགས་སྨྲ་བའོ། །གཉིས་པ་ནི། ཡ་མ་བརླའམ། ཀྱལ་ཀ་དང་བསྲེས་ནས་ཕ་རོལ་པོ་ལ་ཚིག་ངན་སྣ་ཚོགས་སྨྲ་བའོ། །གསུམ་པ་ནི། ཁོའི་མཛའ་བོ་ལ་སོགས་པའི་དྲུང་དུ་ངན་མཚང་སྣ་ཚོགས་སྨྲ་བའོ། །དེའི་འབྲས་བུ་ལ་གསུམ་ལས། རྣམ་པར་སྨིན་པའི་འབྲས་བུ་ནི། །དམྱལ་བར་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་གྱི་འབྲས་བུ་ནི། གལ་ཏེ་མིར་སྐྱེས་ན་ཡང་ཡིད་དུ་མི་འོང་བའི་སྒྲ་སྣ་ཚོགས་ཐོས་པར་འགྱུར་རོ། །དབང་གི་འབྲས་བུ་ནི། ཡུལ་ཚ་སྒོ་ཅན་དང་། ཡུལ་སྐམ་ས་ཅན་དང་། སྡིག་ཤས་ཅན་གྱི་སར་སྐྱེ་བར་འགྱུར་རོ། །ཁྱད་པར་ནི། ཚིག་རྩུབ་ཀྱི་ནང་ནས་ཕ་མ་འམ། འཕགས་པ་རྣམས་ལ་གནོད་པའི་ཚིག་སྨྲ་བ་སྡིག་ཆེའོ། །
ངག་ཀྱལ་བ་ལ་དབྱེ་ན་གསུམ་སྟེ། ལོག་པའི་ངག་ཀྱལ་དང་། འཇིག་རྟེན་པའི་ངག་ཀྱལ་དང་། བདེན་པའི་ངག་ཀྱལ་ལོ། །དེ་ལ་དང་པོ་ནི། མུ་སྟེགས་པའི་བཟླས་བརྗོད་དང་ཁ་ཏོན་ལ་སོགས་པའོ། །གཉིས་པ་ནི། བྲེ་མོའི་གཏམ་ལ་སོགས་པའོ། །གསུམ་པ་ནི། །མ་གུས་པ་དང་སྣོད་མ་ཡིན་པ་ལ་ཆོས་བཤད་པའོ། །དེའི་འབྲས་བུ་ལ་ཡང་གསུམ་ལས། །རྣམ་པར་སྨིན་པའི་འབྲས་བུ་ནི་དུད་འགྲོར་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་གྱི་འབྲས་བུ་ནི། གལ་ཏེ་མིར་སྐྱེས་ན་ཡང་བདག་ཉིད་ཀྱི་ཚིག་མི་བཙུན་པར་འགྱུར་རོ། །དབང་གི་འབྲས་བུ་ནི་དུས་དབྱར་དགུན་ལོག་པ་ཅན་དུ་སྐྱེ་བར་འགྱུར་རོ། །ཁྱད་པར་ནི། ངག་ཀྱལ་གྱི་ནང་ནས་ཆོས་འདོད་པ་རྣམས་གཡེང་བར་བྱེད་པ་སྡིག་ཆེ་བའོ། །
བརྣབ་སེམས་ལ་དབྱེ་ན་གསུམ་སྟེ། བདག་གི་ལ་བརྣབ་སེམས་པ་དང་། གཞན་གྱི་ལ་བརྣབ་སེམས་པ་དང་། གཉིས་ཀ་མ་ཡིན་པ་ལ་བརྣབ་སེམས་པའོ། །དེ་ལ་དང་པོ་ནི། བདག་ཉིད་ཀྱི་ཆོ་རིགས་དང་། གཟུགས་བྱད་དང་། ཡོན་ཏན་དང་། ནོར་རྫས་ལ་ཞེན་ཅིང་ཆགས་པ་སྟེ། བདག་ལྟ་བུ་མེད་སྙམ་དུ་སེམས་པའོ། །གཉིས་པ་ནི། ཕ་རོལ་པོའི་ཕུན་སུམ་ཚོགས་པ་ལ་ཆགས་པ་སྟེ། །འདི་བདག་གི་ཡིན་ན་ཅི་མ་རུང་སྙམ་དུ་སེམས་པའོ། །གསུམ་པ་ནི། ས་འོག་གི་ནོར་ལ་སོགས་པ་བདག་དང་གཞན་གྱིས་དབང་བྱར་མེད་པ་ལ་ཆགས་པ་སྟེ། བདག་དབང་ན་ཅི་མ་རུང་སྙམ་དུ་སེམས་པའོ། །དེའི་འབྲས་བུ་ལ་གསུམ་ལས། རྣམ་པར་སྨིན་པའི་འབྲས་བུ་ནི། ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་གྱི་འབྲས་བུ་ནི། གལ་ཏེ་མིར་སྐྱེས་ན་ཡང་འདོད་ཆགས་ཤས་ཆེ་བར་འགྱུར་རོ། །དབང་གི་འབྲས་བུ་ནི། ཡུལ་འབྲུ་ངན་པའི་སར་སྐྱེ་བར་འགྱུར་རོ། །ཁྱད་པར་ནི། བརྣབ་སེམས་ཀྱི་ནང་ནས་ཡང་དག་པར་སྤོང་བ་རྣམས་ཀྱི་རྙེད་པ་འཕྲོག་པར་འདོད་པའི་སེམས་འདི་སྡིག་ཆེའོ། །
གནོད་སེམས་ལ་དབྱེ་ན་གསུམ་སྟེ། ཞེ་སྡང་གི་ཆ་ལས་བྱུང་བའི་གནོད་སེམས་དང་། ཕྲག་དོག་གི་ཆ་ལས་བྱུང་བའི་གནོད་སེམས་དང་། འཁོན་འཛིན་གྱི་ཆ་ལས་བྱུང་བའི་གནོད་སེམས་སོ། །དེ་ལ་དང་པོ་ནི། གཡུལ་ང་ོ་ལྟ་བུར་ཕ་རོལ་པོ་ལ་ཞེ་སྡང་སྐྱེས་ནས་གསོད་པར་སེམས་པའོ། །གཉིས་པ་ནི། འགྲན་ཟླ་ལྟ་བུ་གོང་དུ་ཤོར་གྱིས་དོགས་པའི་བསམ་པས་གསོད་པ་ལ་སོགས་པར་སེམས་པའོ། །གསུམ་པ་ནི། སྔར་བདག་ལ་གནོད་པ་བྱས་པ་ལྟ་བུ་ལ་མདུད་པར་བཟུང་ནས་བསད་པ་ལ་སོགས་པར་སེམས་པའོ། །དེའི་འབྲས་བུ་ལ་གསུམ་ལས། རྣམ་པར་སྨིན་པའི་འབྲས་བུ་ནི། དམྱལ་བར་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་གྱི་འབྲས་བུ་ནི། གལ་ཏེ་མིར་སྐྱེས་ན་ཡང་ཞེ་སྡང་ཤས་ཆེ་བར་འགྱུར་རོ། །དབང་གི་འབྲས་བུ་ནི། ཟས་ཁ་ཞིང་རྩུབ་པའི་སར་སྐྱེ་བར་འགྱུར་རོ། །ཁྱད་པར་ནི། གནོད་སེམས་ཀྱི་ནང་ནས་མཚམས་མེད་པ་གཤོམ་པར་བྱེད་པ་འདི་སྡིག་ཆེའོ། །
ལོག་པར་ལྟ་བ་ལ་དབྱེ་ན་གསུམ་སྟེ། ལས་འབྲས་ལ་ལོག་པར་ལྟ་བ་དང་། བདེན་པ་ལ་ལོག་པར་ལྟ་བ་དང་། དཀོན་མཆོག་ལ་ལོག་པར་ལྟ་བའོ། །དེ་ལ་དང་པོ་ནི། ལས་དགེ་སྡིག་དེ་འབྲས་བུ་བདེ་སྡུག་གི་རྒྱུར་མི་འདོད་པའོ། །གཉིས་པ་ནི། ལམ་གྱི་བདེན་པ་ཉམས་སུ་བླངས་ཀྱང་འགོག་པའི་བདེན་པ་མི་ཐོབ་པར་འདོད་པའོ། །གསུམ་པ་ནི། དཀོན་མཆོག་གསུམ་མི་བདེན་པར་ལྟ་ཞིང་སྐུར་པ་འདེབས་པའོ། །དེའི་འབྲས་བུ་ལ་ཡང་གསུམ་ལས། རྣམ་པར་སྨིན་པའི་འབྲས་བུ་ནི། །དུད་འགྲོར་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་གྱི་འབྲས་བུ་ནི། གལ་ཏེ་མིར་སྐྱེས་ན་ཡང་གཏི་མུག་ཤས་ཆེ་བར་འགྱུར་རོ། །དབང་གི་འབྲས་བུ་ནི། འབྲས་བུ་ཡེ་མེད་པའི་སར་སྐྱེ་བར་འགྱུར་རོ། །ཁྱད་པར་ནི། ལོག་ལྟའི་ནང་ནས་ལྟ་བས་གཟིངས་པ་འདི་སྡིག་ཆེའོ། །དེ་ལ་རྣམ་སྨིན་གྱི་འབྲས་བུ་དེ་དག་ནི་སྤྱིར་བསྟན་པའི་དབང་དུ་བྱས་པ་ཡིན་ནོ། །
བྱེ་བྲག་ཏུ་དབྱེ་ན་གསུམ་སྟེ། ཉོན་མོངས་པའི་སྒོ་ནས་རྣམ་པར་གཞག་པ་དང་། གྲངས་ཀྱི་སྒོ་ནས་རྣམ་པར་གཞག་པ་དང་། ཡུལ་གྱི་སྒོ་ནས་རྣམ་པར་གཞག་པའོ། །
དེ་ལ་དང་པོ་ནི། ཞེ་སྡང་གི་སྒོ་ནས་མི་དགེ་བ་དེ་དག་སྤྱད་ན་དམྱལ་བར་སྐྱེ་བར་འགྱུར་རོ། །འདོད་ཆགས་ཀྱི་སྒོ་ནས་སྤྱད་ན་ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །གཏི་མུག་གི་སྒོ་ནས་སྤྱད་ན་དུད་འགྲོར་སྐྱེ་བར་འགྱུར་རོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། །ཆགས་པས་ཡི་དྭགས་འགྲོ་བར་འགྱུར། །ཞེ་སྡང་གིས་ནི་དམྱལ་བར་འཕེན། །རྨོངས་པས་ཕལ་ཆེར་དུད་འགྲོར་གྱུར། །ཞེས་གསུངས་སོ། །
གྲངས་ཀྱི་སྒོ་ནས་རྣམ་པར་གཞག་པ་ནི། མི་དགེ་བ་དཔག་ཏུ་མེད་པ་སྤྱད་པས་དམྱལ་བར་སྐྱེ་བར་འགྱུར་རོ། །མང་པོ་སྤྱད་པས་ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །འགའ་ཙམ་སྤྱད་པས་དུད་འགྲོར་སྐྱེ་བར་འགྱུར་རོ། །
ཡུལ་གྱི་སྒོ་ནས་རྣམ་པར་གཞག་པ་ནི། ཡུལ་ཁྱད་པར་ཅན་ལ་བརྟེན་ནས་སྤྱད་ན་དམྱལ་བར་སྐྱེ་བར་འགྱུར་རོ། །ཡུལ་འབྲིང་པོ་ལ་བརྟེན་ནས་སྤྱད་ན་ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །ཡུལ་ཐ་མ་ལ་བརྟེན་ནས་སྤྱད་ན་དུད་འགྲོར་སྐྱེ་བར་འགྱུར་རོ། །དེ་དག་གིས་བསོད་ནམས་མ་ཡིན་པའི་ལས་རྒྱུ་འབྲས་བསྟན་ཏེ། རིན་ཆེན་ཕྲེང་བ་ལས། ཆགས་དང་ཞེ་སྡང་གཏི་མུག་དང་། དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་ལས་ནི་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་གསུངས་སོ། །
བསོད་ནམས་ཀྱི་ལས་རྒྱུ་འབྲས་ལ། །ལས་ནི། མི་དགེ་བ་བཅུ་པོ་དེ་སྤངས་པ་ནི་དགེ་བ་བཅུ་ཡིན་ལ། །གཞན་ཡང་འཇུག་པའི་ལས་དང་བསྟུན་ན། གཞན་གྱི་སྲོག་འདོན་པ་དང་། སྦྱིན་པ་རྒྱ་ཆེན་པོ་གཏོང་བ་དང་། ཚངས་པར་སྤྱོད་པ་ལ་གནས་པ་དང་། བདེན་པ་དྲང་པོར་སྨྲ་བ་དང་། གཞན་མི་མཛའ་བ་རྣམས་བཟླུམ་པ་དང་། ཞི་དེས་དང་། གསོང་པོར་སྨྲ་བ་དང་། དོན་དང་ལྡན་པའི་ཚིག་སྨྲ་བ་དང་། ཆགས་པ་ཆུང་ཞིང་ཆོག་ཤེས་པར་བྱ་བ་དང་། བྱམས་པ་ལ་སོགས་པ་བསྒོམ་པ་དང་། ཡང་དག་པའི་དོན་ལ་འཇུག་པའོ། །དེའི་འབྲས་བུ་ཡང་གསུམ་ལས། །རྣམ་པར་སྨིན་པའི་འབྲས་བུ་ནི། འདོད་པའི་ཁམས་ཀྱི་ལྷ་དང་མིའི་ནང་དུ་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་གྱི་འབྲས་བུ་ནི། སྲོག་གཅོད་པ་སྤངས་ཤིང་། གཞན་གྱི་སྲོག་འདོན་པས་ཚེ་རིང་བར་འགྱུར་རོ། །ཞེས་པ་ལ་སོགས་པ་སྦྱར་རོ། །དབང་གི་འབྲས་བུ་ནི། སྲོག་གཅོད་པ་སྤངས་པས་དངོས་པོ་རྣམས་བཟང་ཞིང་མཐུ་ཆེ་བའི་སར་སྐྱེ་བར་འགྱུར་རོ། །ཞེས་པ་ལ་སོགས་པ་སྦྱར་རོ། །
དེ་དག་གིས་བསོད་ནམས་ཀྱི་ལས་རྒྱུ་འབྲས་བསྟན་ཏེ། །རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་དུ་བདེ་བ་དག། ཅེས་གསུངས་སོ། ། མི་གཡོ་བའི་ལས་རྒྱུ་འབྲས་ནི། རྒྱུ་སྙོམས་འཇུག་གི་བསམ་གཏན་བསྒོམས་པས། འབྲས་བུ་སྐྱེ་བའི་བསམ་ཏན་ཐོབ་པ་སྟེ། དེ་ལ་སྙོམས་འཇུག་གི་བསམ་གཏན་ནི་ཉེར་བསྡོགས་བརྒྱད་དང་། བསམ་གཏན་གྱི་དངོས་གཞི་བརྒྱད་དང་། བསམ་གཏན་ཁྱད་པར་ཅན་ནོ། །
འབྲས་བུ་སྐྱེ་བའི་བསམ་གཏན་ནི། གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ལྷ་དང་། གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷའོ། །
དེ་དག་གི་རྒྱུ་འབྲས་ཐད་ཀར་སྦྱར་ན། དགེ་བ་བཅུ་སྤྱད་པ་ནི་སྤྱིར་རོ། །འཕེན་བྱེད་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་བར་ཆད་མེད་པའི་ལམ་བསྒོམས་ནས། རྫོགས་བྱེད་བསམ་གཏན་དང་པོའི་དངོས་གཞི་རྟོག་དཔྱོད་དང་། དགའ་བདེ་དང་བཅས་པའི་ཏིང་ངེ་འཛིན་བསྒོམས་པས་ཚངས་རིས་ཀྱི་ལྷར་སྐྱེའོ། །བསམ་གཏན་ཁྱད་པར་ཅན་བསྒོམས་པས་ཚངས་པ་ཆེན་པོར་སྐྱེའོ། །འཕེན་བྱེད་བསམ་གཏན་གཉིས་པའི་ཉེར་བསྡོགས་བར་ཆད་མེད་པའི་ལམ་བསྒོམས་ནས། །རྫོགས་བྱེད་བསམ་གཏན་གཉིས་པའི་དངོས་གཞི་རྟོག་དཔྱོད་ནི་སྤངས་ལ། དགའ་བདེ་དང་ལྡན་པའི་ཏིང་ངེ་འཛིན་བསྒོམས་པས། འོད་ཆུང་ལ་སོགས་པ་བསམ་གཏན་གཉིས་པའི་ལྷར་སྐྱེའོ། །དེ་བཞིན་དུ་འཕེན་བྱེད་ཉེར་བསྡོགས་རྣམས་འགྲེ་བར་བྱའོ། །རྫོགས་བྱེད་བསམ་གཏན་གསུམ་པའི་དངོས་གཞི་དགའ་བ་སྤངས་ལ་བདེ་བ་དང་ལྡན་པའི་ཏིང་ངེ་འཛིན་བསྒོམས་པས་དགེ་ཆུང་ལ་སོགས་པའི་བསམ་གཏན་གསུམ་པའི་ལྷར་སྐྱེའོ། །རྫོགས་བྱེད་བསམ་གཏན་བཞི་པའི་དངོས་གཞི་རྟོག་དཔྱོད་དང་དགའ་བདེ་སྤངས་པའི་ཏིང་ངེ་འཛིན་བསྒོམས་པས། སྤྲིན་མེད་ལ་སོགས་པ་བསམ་གཏན་བཞི་པའི་ལྷར་སྐྱེའོ། །
བསམ་གཏན་བཞིས་དབེན་པ་ལས་སྐྱེས་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དེ། དེ་བསྒོམས་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེའོ། །དེ་ལས་དབེན་པ་ལས་སྐྱེས་པ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དེ། དེ་བསྒོམས་པས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེའོ། །དེ་ལས་དབེན་པ་ལས་སྐྱེས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དེ། དེ་བསྒོམས་པས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེའོ། །དེ་ལས་དབེན་པ་ལས་སྐྱེས་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དེ། དེ་བསྒོམས་པས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེའོ། །དབེན་པ་ལས་སྐྱེས་པ་ཞེས་བྱ་བ་ཡང་ལམ་གང་ཡིན་ན། ས་འོག་མ་ལ་ཡིད་འབྱུང་བ་ཡིན་ཏེ། འདོད་ཆགས་དང་བྲལ་བར་འགྲོ་བའི་ཕྱིར་རོ། །
ཅི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་དེ་དག་ཀྱང་ནམ་མཁའ་ལ་སོགས་པ་ཉིད་ལ་དམིགས་པས་དེའི་ཕྱིར་དེ་སྐད་དུ་བྱ་བའམ་ཞེ་ན་མ་ཡིན་ཏེ། དང་པོ་གསུམ་ནི་སྙོམས་པར་འཇུག་པའི་ཚེ་ནམ་མཁའ་མཐའ་ཡས་སོ། །ཞེས་པ་ལ་སོགས་པར་ཡིད་ལ་བྱེད་པས་དེ་སྐད་ཅེས་མིང་དུ་བཏགས་ཀྱི། ཕྱིས་སྙོམས་པར་ཞུགས་ཟིན་ནས་དེ་ཉིད་ཡིད་ལ་བྱེད་པ་མ་ཡིན་ནོ། །ཕྱི་མ་ནི་འདུ་ཤེས་དམན་པའི་སྒོ་ནས་མིང་དུ་བྱས་པ་སྟེ། འདུ་ཤེས་གསལ་བ་ཡོད་པ་མ་ཡིན་མེད་པ་ཁོ་ན་ཡང་མ་ཡིན་ནོ། །ལར་དངོས་གཞི་བརྒྱད་པོ་ཐམས་ཅད་དགེ་བའི་སེམས་རྩེ་གཅིག་པ་ཡིན་ནོ། །
དེ་དག་གིས་མི་གཡོ་བའི་ལས་རྒྱུ་འབྲས་བསྟན་ཏེ། རིན་ཆེན་ཕྲེང་བ་ལས། བསམ་གཏན་ཚད་མེད་གཟུགས་མེད་ཀྱིས། །ཚངས་སོགས་བདེ་བ་མྱོང་བར་བྱེད། །ཅེས་གསུངས་སོ། །དེ་ལྟར་ན་འཁོར་བའི་དངོས་པོ་འདི་བསྐྱེད་མཁན་ཟག་བཅས་ཀྱིས་ལས་གསུམ་པོ་དེ་ཡིན་ནོ། །
དོན་གསུམ་པ་ལས་བདག་གིར་བྱ་བ་ཞེས་བྱ་བ་ནི། ལས་རང་གིས་བྱས་པའི་འབྲས་བུ་ལ་རང་སྤྱོད་པ་སྟེ། བྱེད་པ་པོ་ཟིན་པའི་ཕུང་པོ་ཉིད་ལ་སྨིན་གྱི་གཞན་ལ་མ་ཡིན་པའོ། །དེ་ལྟར་ཡང་མངོན་པ་ཀུན་ལས་བཏུས་པ་ལས། ལས་བདག་གིར་བྱ་བ་ཇི་ལྟ་བུ་ཞེ་ན། རང་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བའི་ཕྱིར་ཏེ། གཞན་དག་དང་ཐུན་མོང་མ་ཡིན་པ་དེ་ནི་བདག་གི་ཞེས་བྱའོ། །ཞེས་གསུངས་སོ། །
དེ་ལྟར་མ་ཡིན་ན་ལས་བྱས་པ་ཆུད་ཟོས་པ་དང་། མ་བྱས་པ་དང་འཕྲད་པའི་ཉེས་པར་ཡང་འགྱུར་རོ། །དེས་ན་མདོ་ལས་ཀྱང་། ལྷ་སྦྱིན་ཉིད་ཀྱིས་བྱས་པའི་ལས་ནི། ས་དང་། ཆུ་ལ་སོགས་པ་ལ་མི་སྨིན་གྱི། དེ་ཉིད་ཀྱིས་ཟིན་པའི་ཕུང་པོ་དང་སྐྱེ་མཆེད་འབའ་ཞིག་ལ་སྨིན་པར་འགྱུར་ཏེ། གཞན་སུ་ཞིག་ལ་སྨིན་པར་འགྱུར། ཞེས་གསུངས་སོ། །
དོན་བཞི་པ་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཞེས་བྱ་བ་ནི་ལས་དགེ་སྡིག་བྱས་པའི་འབྲས་བུ་བདེ་སྡུག་མི་འཁྲུལ་བར་མྱོང་བ་སྟེ། དགེ་བའི་ལས་བསགས་པས་འབྲས་བུ་བདེ་བ་མྱོང་ཞིང་། སྡིག་པའི་ལས་བསགས་པས་འབྲས་བུ་སྡུག་བསྔལ་མྱོང་བའོ། །དེ་ལྟར་ཡང་མངོན་པ་ཀུན་ལས་བཏུས་པ་ལས། ཇི་ལྟར་ན་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཡིན་ཞེ་ན། རང་གིས་བྱས་པའི་རྣམ་པར་སྨིན་པ་མྱོང་བ་སྟེ། དགེ་བ་དང་མི་དགེ་བའི་ལས་སོ་སོའི་བགོ་སྐལ་ལ་སྤྱོད་པའི་ཕྱིར་རོ། །ཞེས་གསུངས་སོ། །དྲན་པ་ཉེར་གཞག་ཆུང་བ་ལས་ཀྱང་། དགེ་བ་ཡིས་ནི་བདེ་བ་ཐོབ། །མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དེ་ལྟར་དགེ་དང་མི་དགེ་བའི། །ལས་དང་འབྲས་བུ་གསལ་བར་བསྟན། །ཞེས་གསུངས་སོ། །དེས་པས་ཞུས་པའི་མདོ་ལས་ཀྱང་། ས་བོན་ཚ་བ་རྣམས་ལ་ནི། འབྲས་བུ་ཚ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ལ་ནི། འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་ཟླ་བྱ་བ་འདི་ཡིས་ནི། སྡིག་པའི་རྣམ་སྨིན་ཚ་བ་དང་། །དཀར་པོའི་རྣམ་སྨིན་མངར་བ་ཡང་། །མཁས་པ་ཡིས་ནི་ཤེས་པར་བྱ། །ཞེས་གསུངས་སོ། །
དོན་ལྔ་པ་ལས་ཆུང་ངུ་བྱས་པ་ལས་འབྲས་བུ་ཆེན་པོར་སྨིན་པ་ནི། སྡིག་པའི་ལས་ཀྱི་དབང་དུ་བྱས་ན། སེམས་ཀྱི་སྐད་ཅིག་གི་གྲངས་ཀྱི་བསྐལ་པར་དམྱལ་བ་མྱོང་བར་གསུངས་པ་ཡང་ཡོད་དོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང་། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་བསྐྱེད་པར་བྱེད་པ་ནི། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་གསུངས་སོ། །ངག་གི་ཉེས་པ་རེ་རེ་ཙམ་གྱིས་སྐྱེ་བ་ལྔ་བརྒྱ་ལ་སོགས་པར་སྡུག་བསྔལ་མྱོང་བར་འགྱུར་བར་གསུངས་པ་ཡང་ཡོད་དོ། །ཚོམས་ལས་ཀྱང་། སྡིག་པ་ཆུང་ངུ་བྱས་པས་ཀྱང་། འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། ཁོང་པར་སོང་བའི་དུག་བཞིན་ནོ། །ཞེས་གསུངས་སོ། །དགེ་བའི་ལས་ཆུང་ངུས་ཀྱང་འབྲས་བུ་ཆེན་པོ་འབྱིན་ཏེ། ཚོམས་ལས་ཀྱང་། བསོད་ནམས་ཆུང་ངུ་བྱས་པས་ཀྱང་། འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། །ཞེས་གསུངས་སོ། །དོན་དྲུག་པ་ལས་ཆུད་མི་ཟ་བ་ཞེས་བྱ་བ་དེ་ནི། ལས་དེའི་གཉེན་པོ་སྐྱེས་པ་མ་གཏོགས་པ། བསྐལ་པ་མཐའ་ཡས་པར་ཡང་འབྲས་བུ་མ་སྨིན་པར་བརླག་པའམ། ཆུད་ཟ་བར་མི་འགྱུར་ཏེ། བག་ལ་ཉལ་ཡུན་རིང་དུ་གནས་པ་དག་ཀྱང་ཅི་ཞིག་ལྟར་ལ་རྐྱེན་དང་འཕྲད་ན་འབྲས་བུ་འབྱིན་པར་འགྱུར་རོ། །
དེ་ལྟར་འཁོར་བའི་སྡུག་བསྔལ་ལ་འཇིགས་ཤིང་ལས་འབྲས་ལ་ཡིད་ཆེས་ཙ་ན། ཇི་སྐད་དུ། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་བཟློག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས་པ་ལྟར་སྐྱེས་བུ་འབྲིང་གི་བློ་སྐྱེས་པ་ཡིན་ཏེ། །དཔེར་ན་རྒྱལ་པོ་ཀྲི་ཀྲིའི་བུ་མོ་བདུན་ལྟ་བུའོ། །དེ་ལྟར་ཡང་མདོ་སྡེ་ལས་བརྒྱ་པ་ལས། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་སོ། །དྲན་པ་ཉེར་གཞག་ཆུང་བ་ལས་ཀྱང་། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་གསུངས་སོ། །དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། ལས་འབྲས་ཡོངས་སུ་བསྟན་པའི་ལེའུ་སྟེ་དྲུག་པའོ། །། །